ཏོག་དབྱིབས་རིམས་ནད་ཁྱབ་བརྡལ་ཁྲོད་ཀྱི་བོད་མིའི་སོ་ནམ་ཞིང་ལས་ཀྱི་གནས་སྟངས།

 
Share
 

Manage episode 262431414 series 119617
By Voice of Tibet. Discovered by Player FM and our community — copyright is owned by the publisher, not Player FM, and audio is streamed directly from their servers. Hit the Subscribe button to track updates in Player FM, or paste the feed URL into other podcast apps.

ཕྱི་ལོ་༡༩༥༩ ལོར་ངེད་ཅག་བོད་མི་རྣམས་བཙན་བྱོལ་དུ་འབྱོར་མ་ཐག་གངས་ཅན་བོད་འབངས་ཡོངས་ཀྱི་མགོན་སྐྱབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕུགས་རྒྱང་རིང་པོའི་དགོངས་བཞེས་དང་། རྒྱ་གར་དབུས་ས་གཉིས་ཀྱི་གཞུང་མང་གི་མཐུན་འགྱུར་རོགས་རམ་འོག་བོད་མིའི་གཞིས་ཆགས་ཁག་གསར་འཛུགས་ཀྱིས་བོད་མི་ཕལ་མོ་ཆེས་ཞིང་ལས་དོན་གཉེར་གནང་འགོ་བཙུགས་པ་རེད། ཕྱིས་སུ་བོད་མི་མང་དག་ཅིག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འགྲོ་མཁན་ཇེ་མང་དུ་ཕྱིན་ཡོད་ནའང་། གཞིས་ཆགས་ཁག་ནང་བོད་མི་མི་ཉུང་བ་ཞིག་གིས་ད་དུང་ཡང་མུ་མཐུད་དུ་ཞིང་ལས་ཁྲོད་རང་ཉིད་ཀྱི་འཚོ་བ་གཉེར་བཞིན་ཡོད་པ་རེད།

སྟབས་མ་ལེགས་པ་ཞིག་ལ་ད་ལོར་རྒྱ་ནག་ཝུ་ཧན་ནས་ཐོག་མར་ཁྱབ་གདལ་བྱུང་བའི་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་གྱིས་ད་ཆ་རྒྱལ་ཁབ་མང་དག་ཅིག་ནང་ཁྱིམ་སྡོད་བཀའ་རྒྱ་ལག་བསྟར་བྱེད་བཞིན་ཡོད་པ་དང་། རླུང་འཕྲིན་ཁང་གིས་རྒྱ་གར་མངའ་སྡེ་ཆ་ཏིས་གྷར་ནང་ཆགས་པའི་མན་སྤར་ཕན་བདེ་གླིང་གཞིས་ཆགས་ཀྱི་གཞིས་མི་དགེ་ལེགས་བཟང་པོ་ལགས་དང་། རྒྱ་གར་ལྷོ་ཕྱོགས་ཧུན་སུར་རབ་རྒྱས་གླིང་གི་གཞིས་མི་ཚེ་དབང་རབ་བརྟན་ལགས། དེ་བཞིན་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་ཀྱི་གཞིས་མི་ཕུན་ཚོགས་དཔལ་ལྡན་ལགས་སུ་ཐེམ་སྤང་གི་དུས་ཚིགས་འདིར་ངལ་བ་གང་ཕྲད་མིན་སྐོར་བཀའ་འདྲི་ཁག་ཅིག་ཞུས་ཡོད།

དགེ་ལེགས་བཟང་པོ་ལགས་ནི་ཞིང་ལས་ཁོ་ནའི་འཚོ་བ་གཉེར་མཁན་ཞིག་ཡིན་པ་མ་ཟད། ཁོང་གིས། ད་ཆ་སྨན་སྤར་ཁུལ་དུ་ཆུ་འདྲེན་གྱི་མཐུན་རྐྱེན་ཡོད་མཁན་ཚོས་ས་ཞིང་འདེབས་ལས་གནང་བ་མ་གཏོགས་བོད་མི་ཕལ་མོ་ཆེས་ཕྱི་ཟླ་དང་པོ་ནས་སྟོན་ཐོག་གང་འདེབས་པ་རྣམས་བསྡུ་རུབ་བྱེད་ཀྱི་ཡོད་པར་གསུངས་སོང་། མ་ཟད། ཁོང་གིས་ད་ཆ་ཅཱན་ཏི་གྷར་མངའ་ཁུལ་དུ་ཏོག་དབྱིབས་གཉན་རིམས་ཕོག་མཁན་དེ་ཙམ་བྱུང་མེད་སྟབས་ཐེམ་སྤང་གི་དུས་ཚིགས་སུ་ཁོང་ལྟ་བུའི་ཞིང་ཁར་ཆུ་འདྲེན་གྱི་མཐུན་རྐྱེན་ཡོད་པ་རྣམས་ལ་དམིགས་བསལ་དཀལ་ངལ་འཕྲད་མེད་ཚུལ་གསུངས་སོང་།

དེ་བཞིན་ཞིང་ཁའི་རྒྱ་ཁྱོན་མི་གྲུ་བཞི་མ་བརྒྱ་ལྷག་གི་བདག་པོ་དང་། དེ་སྔ་ཕྱི་ལོ་ ༢༠༡༩ ལོར་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས་འབུལ་ལམ་ཞུས་པའི་སོ་ནམ་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ་མྱོང་མཁན་ཚེ་དབང་རབ་བརྟན་ལགས་ཀྱིས། ཐེམ་སྤང་གི་རྐྱེན་གྱིས་ཕར་འགྲོ་ཚུར་འགྲོ་ལ་བཀག་སྡོམ་དང་སྐབས་རེ་ཞིང་ཁར་ཆུ་འདྲེན་པ་སོགས་ཀྱི་ཐད་དཀའ་ངལ་མི་ཉུང་བ་འཕྲད་ཀྱང་། ད་ཆ་ཐེམ་སྤང་གི་བཀའ་རྒྱ་ཏོག་ཙམ་གུ་ཡངས་ཕྱིན་པས་ལས་དོན་ལྷག་འཕྲོ་ཁག་མཇུག་སྐྱོང་གནང་བཞིན་ཡོད་སྐོར་གསུངས་སོང་།

གཞན་ཡང་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་སུ་གནས་བཞུགས་ཕུན་ཚོགས་དཔལ་ལྡན་ལགས་ཀྱིས་སྤྱིར་ཀོ་ལི་གྷལ་ནང་ཟླ་བ་ ༤ པའི་ནང་སྟོན་ཐོག་རྣམས་ཕྱིར་ཚོང་གནང་གི་ཡོད་དུས་ཐེམ་སྤང་གི་དུས་ཚིགས་ཀྱི་རྐྱེན་གྱིས་ད་ཆ་ཁྲོམ་ར་མེད་པ་ཆགས་དུས་འདིའི་ཐད་དཀའ་ངལ་འཕྲད་ཡོད་པ་དེ་ལྟར་ཡང་། ད་ལན་ས་གནས་མཉམ་འབྲེལ་གྱིས་དགོངས་པ་ཆེ་བཞེས་ཀྱིས་ཞིང་པའི་སྟོན་ཐོག་ཉོས་ཡོད་སྐོར་གསུངས་སོང་།

གཞི་རྩའི་ད་ཆ་ཏོག་དབྱིབས་གཉན་རིམས་རྐྱེན་གྱིས་འཛམ་གླིང་སྤྱི་ཡོངས་ལ་དཀའ་ངལ་དུ་མ་ཞིག་འཕྲད་བཞིན་ཡོད་པ་དང་། ཉེ་ལམ་ནང་སྲིད་ལས་ཁུངས་ཀྱི་ཛ་དྲག་ངལ་སེལ་ལས་རིམ་གསལ་བསྒྲགས་སྤེལ་བའི་ནང་། ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་ད་ཆ་ས་ཞིང་འདེབས་ལས་ཀྱི་དུས་ཚིགས་ཤར་ཡོང་དུས་ད་ལན་ནད་ཡམས་རྐྱེན་པས། སོ་ནམ་པ་ཚོ་ནས་ཡིད་གཟབ་གནང་དགོས་པ་དང་། ཡང་སྒོས་སྒྲིག་འཛུགས་ངོས་ནས་ཞིང་པ་ཚོར་གུན་གསབ་ཕྲན་བུ་རེ་གནང་རྒྱུར་འབད་བརྩོན་ཞུ་བཞིན་ཡོད་སྐོར་གསུངས་ཡོད་པ་རེད།

https://vot.org/wp-content/uploads/2020/05/tsam-19.mp3

Download

1408 episodes